སྲོང་བཙན་སྒམ་པོ།
༧༠༽ བཙན་པོས་བློན་པོ་དང་དམག་དཔོན་ལྷག་མ་དག་གི་གོ་གནས་རང་འཇགས་ཐོག་ཕྱོགས་མཐའ་ཁག་ལ་ཁ་བཀྲམ་ནས་བཏང་ཞིང༌། རྒྱལ་བློན་དང་བོད་དམག་རྣམས་གནས་སྐབས་རིང་དེར་བསྡད་དེ་ཞང་ཞུང་སྟོང་སྡེ་བཅུ་ལ་བཀོད་འདོམས་ཀྱིས་ཆབ་སྲིད་ལྷིང་འཇགས་བཟོས།
༧༡༽ སྐབས་དེར་ཐང་སང་བླ་མ་རྒྱ་གར་དུ་ཆོས་ཞུ་བར་ཕེབས་པས་རྒྱ་དཀར་ནག་བར་ལ་འབྲེལ་ལམ་བྱུང༌། དེ་བས་དགའ་བའི་ལྷས་རྒྱ་རྒྱལ་སར་ཆོས་ཀྱི་ལེགས་སྐྱེས་ཤིག་འབུལ་དུ་བཏང་བར་ཐང་ཐེ་ཙུང་གིས་ཀྱང་ཕྱི་ལོ་༦༤༧ ལོར་སྐྱེས་ལན་འབུལ་དུ་བཏང༌།
༧༢༽ ལོ་དེར་དགའ་བའི་ལྷ་གྲོངས་པས། ནག་ཕྱོགས་བློན་པོ་སྲིད་སྒྲུབ་ཀྱིས་དབང་བཟུང་སྟེ་ཡུལ་ཁམས་འཁྲུགས། དེ་བས་གོང་མའི་གསེར་ཡིག་པ་ཝང་ཧེན་ཙེ་སོགས་ཕྱི་ལོ་༦༤༨ ལོར་རྒྱ་གར་དུ་འབྱོར་མཚམས་ཨརྫུནའམ་སྲིད་སྒྲུབ་ཀྱི་དམག་གིས་བཅོམ་འཕྲོག་བྱས།
༧༣༽ ཝང་ཧེན་ཙེ་དང་འཁོར་ཁ་ཤས་ཤིག་མཚན་བྲོས་བརྒྱབ་སྟེ་བལ་ཡུལ་དུ་ཕྱིར་སླེབས་ཏེ་སྲོང་བཙན་སྒམ་པོར་སྐྱབས་བཅོལ་བས། སྲོང་བཙན་གྱིས་བོད་དམག་གོ་ཧྲག་ཉིས་སྟོང་ལྷག་དང༌། བལ་དམག་བདུན་སྟོང་ལྷག་བཅས་རྒྱ་གར་དུ་བཏང༌།
༧༤༽ བོད་དམག་རྣམས་རྒྱའི་གསེར་ཡིག་པ་དང་ལྷན་དུ་ཧི་ར་ཧི་ཏའི་ས་ཆར་སླེབས་ནས་ཉིན་གསུམ་ལས་དམག་འཐབ་མ་དགོས་པར་རྒྱ་གར་བའི་དམག་སུམ་སྟོང་ཙམ་གྱི་སྐེ་བྲེགས་ཤིང༌། ཆིག་སྟོང་ལྷག་ཆུ་ཀླུང་ཆེན་པོའི་ནང་དུ་བསྐྱུར་ཏེ་སྲིད་སྒྲུབ་ཀྱི་རྒྱལ་ས་བཙན་བཟུང་བྱས།